མཁྱེན་བརྩེ་ཐེབས་རྩ་འཛུགས་མཁན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ།

སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ་མཆོག་ནི། ༡༩༦༡ ལོར་འབྲུག་ཤར་ཕྱོགས་སུ་སྐུ་བལྟམས། སྐྱབས་མགོན་ས་སྐྱ་ གོང་མ་ཁྲི་འཛིན་རིན་པོ་ཆེས་མཁྱེན་བརྩེའི་ཡང་སྲིད་དུ་ངོས་འཛིན་མཛད། བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་།  སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། ༼ཡབ་ཀྱི་ཡབ༽ བླ་མ་བསོད་ནམས་བཟང་པོ་༼ཡུབ་ཀྱི་ཡབ༽ སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ། སྨྱོ་ཤུལ་མཁན་རིན་པོ་ཆེ། མཁན་ཆེན་ཨ་པད་རིན་པོ་ཆེ་སོགས་མང་པོ་ཞིག་གི་སྐུ་མདུན་ནས་ཟབ་རྒྱས་ཀྱི་ཆོས་བཀའ་སྨིན་གྲོལ་གྱི་གདམས་ངག་དེང་དུས་གང་བཞུགས་ཕལ་ཆེར་མནོས། ཁོང་གི་རྩ་བའི་བླ་མ་གཙོ་བོ་ནི། དགུང་ལོ་བདུན་ནས་རྗེས་སུ་བཟུང་བར་མཛད་མཁན་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རེད། དགུང་ན་ཕྲ་མོའི་དུས་ནས་འབྲས་ལྗོངས་དགེ་ཞིང་དུ་སྒྲུབ་ཁང་ཆུང་ཆུང་ཞིག་བཞེངས་མཛད་ཅིང་། དེ་ནས་མགྱོགས་པོར་འཛམ་གླིང་གང་སར་ཕེབས་ནས་བཀའ་ཆོས་གནང་བའི་འགོ་བཙུགས་པ་རེད།

སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུའི་ནང་ལ་སྐུ་ཐོག་གོང་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཤུལ་བཞག་རིན་པོ་ཆེ་རང་ལ་འགན་དབང་ཡོད་པའི་ཁམས་སྡེ་དགེ་རྫོང་སར་དགོན་པ་བསྐྱར་གསོའི་འགོ་བཙུགས། འཕགས་ཡུལ་བྱང་ཕྱོགས་སྦིར་དུ་རྫོང་སར་བཤད་གྲྭ་གསར་འཛུགས་མཛད་ཅིང་། དེ་ནས་རིམ་གྱིས་གོང་འཕེལ་དུ་སོང་ནས་ད་ཆ་ཚད་མཐོའི་ཤེས་ཡོན་གྱི་ལྟེ་གནས་མཚན་ཉིད་ཀྱི་གྲྭ་ས་ཆ་འཇོག་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དེ་བཞིན་དཔལ་ལྡན་འབྲུག་གི་ཡུལ་དུ་དགོན་པ་གཉིས་ལ་གཟིགས་སྐྱོང་གནང་གི་ཡོད་ལ། ཨོ་སུ་ཏྲི་ལི་ཡ་དང་། ཡུ་རོབ་དང་། བྱང་སྡེ་ཨ་མི་རི་ཀ་དང་། ཨེ་ཤི་ཡའི་ནང་དུ་ཆོས་ཚོགས་མང་པོ་གསར་འཛུགས་མཛད།  དེ་མ་ཟད་ཁོང་གིས་ཕྱག་དེབ་ཁ་ཤས་ལྗགས་རྩོམ་གནང་བ་དང་། ཕུལ་བྱུང་བྱ་དགའ་ཐོབ་པའི་གློག་བརྙན་འགའ་ཞིག་ཀྱང་བཟོས་ཡོད། ད་དུང་མུ་མཐུད་དེ་འཛམ་གླིང་ཡོངས་ལ་ཆིབས་བསྒྱུར་སྐྱོང་ཞིང་དམ་པའི་ཆོས་ཀྱི་བཤད་པ་དང་སྒྲུབ་པ་གནང་མུས་ཡིན།