མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་བོད་ཡིག་དྲ་བ།

དྲ་ངོས་འདི་ནི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་དགོངས་བཞེད་ལྟར་མཁྱེན་བརྩེ་ཐེབས་རྩ་ཚོགས་པས་འཛམ་གླིང་ཁྱོན་ཡོངས་ནས་ནང་པའི་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐམས་ཅད་ཀྱི་ཐོས་བསམ་ཉམས་ལེན་བྱེད་མཁན་རྣམས་ལ་བྱེད་སྒོ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་རོགས་རམ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་བོད་པའི་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་ས་ཞིག་ཡིན། དོན་གཉེར་ཅན་གྱི་སློབ་ཕྲུག་དང་། ཡིག་སྒྱུར་བ། ཉམས་ལེན་པ་ཚད་ལྡན་ཡིན་ཞིང་དཔལ་འབྱོར་གྱི་ཞབས་ཏོག་དགོས་མཁན་གྱི་རིགས་ཀྱིས་ངེད་ཚོ་ཐེབས་རྩའི་སློབ་ཡོན་སྤྲོད་པ་དང་།གནང་སྦྱིན་བྱེད་པའི་ལས་གཞི་བརྒྱུད། རོགས་སྐྱོར་དགོས་པའི་སྙན་ཞུ་འབུལ་རོགས་གྱིས་ཞེས་བསྐུལ་མ་བྱེད་ཀྱི་ཡོད།

མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ནི། རྫོགས་པའི་སངས་རྒྱས་ཀྱི་མཁྱེན་པའི་ཡོན་ཏན་མཆོག་དམན་ཀུན་ལ་འཐོབ་པའི་ཆེད་དུ་ཡིན།

མཁྱེན་བརྩེ་ཐེབས་རྩ་ནི་ཁེ་ལས་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། འདི་ནི་སྤྱི་ལོ་ ༢༠༠༡ ལོར་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཆོས་བརྒྱུད་རིས་སུ་མ་ཆད་པའི་བཤད་སྒྲུབ་བྱེད་མཁན་རྣམས་ལ་རོགས་སྐྱོར་ཆེད་དུ་བཙུགས་པ་ཞིག་རེད། ༢༠༠༡ ལོ་ནས་བཟུང་རྒྱལ་ཁབ་སུམ་ཅུ་ལྷག་གི་ནང་དུ་སྒེར་དང་ཚོགས་སྡེ་མང་པོ་ཞིག་ལ་རོགས་རམ་བྱས་ཤིང་། འཛམ་གླིང་གང་ས་ནས་ཐད་ཀར་་མིའི་མི་ཚེ་ལ་ཤུགས་རྐྱེན་བཟང་པོ་འདེབས་ཐུབ་པ་བྱུང་ཡོད། ཐེབས་རྩའི་ལས་གཞི་ནི་གསུང་རབ་ཉར་ཚགས་དང་། བཀའ་བསྟན་སྒྲ་སྒྱུར། ཤར་གླིང་ཨེ་ཤི་ཡ་ལ་ཡོད་པའི་སྲོལ་རྒྱུན་གྱི་བཤད་གྲྭ་ཁག་ལ་རོགས་རམ། འཛམ་གླིང་གང་ས་ཡི་ནང་ཆོས་དོན་གཉེར་ཅན་ལ་སློབ་ཡོན། ཕུལ་བྱུང་གི་མི་སྣ་ལ་གཟེངས་བསྟོད་བྱ་དགའ། གྲགས་ཅན་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་རྣམས་ཀྱི་ནང་ན་ནང་པའི་གཙུག་ལག་དར་རྒྱས་སུ་གཏོང་བ། དབུ་ཁྲིད་དང་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲད་པའི་སྒོ་ནས་སྤུས་ཚད་མཐོ་རུ་གཏོང་བ། བྱིས་པ་རྣམས་ཀྱི་ཆེད་དུ་ནང་ཆོས་ཀྱི་ཤེས་ཡོན་སྒྲོམ་གཞི་བཟོ་བ། སློབ་གཉེར་དང་སྒྲུབ་པ་བྱེད་མཁན་གྱི་སྒེར་སོ་སོ་ལའང་རོགས་རམ་བྱེད་པ་སོགས་སོ།

རིན་པོ་ཆེའི་དབུ་ཁྲིད་དང་ལམ་སྟོན་ཇི་ལྟར་གནང་བ་བཞིན། ཐེབས་རྩ་ཚོགས་པས་དོན་ཚན་གཙོ་བོ་གསུམ་རྩ་དོན་དུ་བཟུང་ཡོད།

༡ ༽ དུས་རབས་ཉེར་གཅིག་པའི་ནང་ཆོས་དགེ་རྒན་གྱི་སྦྱོང་བརྡར་སྤྲད་ཅིང་སྤུས་ཚད་མཐོ་རུ་གཏོང་བ་དང་།
༢༽ བྱིས་པ་རྣམས་ཀྱི་ཆེད་དུ་ཕྱོགས་སུ་མ་ལྷུང་བའི་ནང་ཆོས་ཀྱི་ཤེས་ཡོན་སྒྲོམ་གཞི་བཟོ་བ་དང་།
༣༽ འཛམ་གླིང་གི་སློབ་ཆེན་རྣམས་ལ་ནང་པའི་གཙུག་ལག་གི་དགེ་རྒན་ཆེན་མོའི་ས་མིག་མཁྱེན་བརྩེའི་ཞབས་སྟེགས་ཞེས་པའི་མ་རྩ་སྦྱོར་འཇགས་བྱེད་པའོ།

Ashoka Portrait by DJKR

༢༠༡༦ ལོའི་ཐེབས་རྩའི་སྙན་ཐོ།


སྨོན་ལམ།

རིན་པོ་ཆེས་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་ཞལ་འདོན་སྨོན་ལམ་བྱ་རྒྱུ་ནི། སྤྱི་ལོ་༡༢༩༢-༡༣༦༡ ནང་ལ་ཕེབས་པའི་བོད་ཀྱི་བླ་མ་དོལ་བོ་པ་ཤེས་རབ་རྒྱལ་མཚན་གྱིས་གསུངས་མཛད་པའི།
བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པའི་ཁུར་ཆེན་ཁུར་བར་ཤོག །
ཁུར་ཆེན་ཁུར་བར་མ་ནུས་ཀྱང་། །བསྟན་པ་ཉམས་ཀྱིས་དོགས་པ་ཡིས། །
སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག །ཅེས་པ་འདི་ཡིན་ཞེས་གསུངས་བྱུང་།

སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༡༠ པའི་ཚེས་པ་ ༢༢ ལ་ཉིན་ནིའུ་ཡོག་ཏུ་རིན་པོ་ཆེས་མཁྱེན་བརྩེ་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ལ་བསྩལ་བའི་བཀའ་སློབ།

ཐོག་མ་དེ་ལ། ང་ཚོ་ཐེབས་རྩ་ཚོགས་པས་དེ་སྔོན་ལས་ཀ་གང་ཞིག་བསྒྲུབས་ཡོད་པ་དེ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། བོད་རིགས་གཅིག་པུ་ཙམ་མ་ཡིན་པར་བརྒྱུད་པ་དང་ལམ་སྲོལ་མི་འདྲ་བ་ཚང་མའི་ཁོངས་ནས་གྲ་བཙུན་ ༢༥༠༠ དང་། མི་སྐྱ་ ༡༥༠༠ ལྷག་ཙམ་ཞིག་གམ། གཅིག་བྱས་ན་དེ་ལས་མང་བ་ལ་རྒྱབ་སྐྱོར་རོགས་རམ་བྱེད་ཀྱི་ཡོད་པ་རེད།  འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་བཞི་བཅུ་ལྷག་ཙམ་གྱི་སྐྱ་སེར་མང་པོ་ལ་རོགས་སྐྱོར་དང་། གཙུག་ལག་གི་སློབ་ཆེན་ ༢༨ དང་མཉམ་འབྲེལ་གྱིས་ལས་ཀ་བྱེད་ཀྱི་ཡོད། ཕྱག་ལས་འདི་དག་ནི་རྗེས་སུ་ཡི་རང་ཞུ་རིན་ལྡན་པ་ཞིག་ཡིན། ངས་ཞུ་མ་དགོས་པར་ཚང་མས་མཁྱེན་གསལ་ལྟར་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་འདི་ནི་དཔལ་འབྱོར་གཙོར་འཛིན་གྱི་དངོས་གཙོ་སྨྲ་བ་ཞིག་མིན་ལ། ཁེ་སྤོགས་བཟོ་སའི་ཚོགས་སྡེ་ཞིག་དེ་བས་ཀྱང་མིན། འདིའི་དམིགས་ཡུལ་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་བའི་ཆེད་དུ་མིན་ཡང་། སྐབས་འགར་ང་རང་ཚོའི་ལས་འགུལ་གྱིས་དེ་དག་ལའང་ཤུགས་རྐྱེན་ཐེབས་སྲིད་པ་རེད། མདོར་ན་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ལ་ཤཱཀྱ་ཐུབ་པའི་ཞབས་ཞུ་བསྒྲུབ་རྒྱུ་ལས་གཞན་པའི་ལས་དོན་ཟེར་ནའང་འདྲ། ལས་འགན་གང་ཡང་མེད།
མཁྱེན་བརྩེ་ཐེབས་རྩའི་དམིགས་ཡུལ་དང་བསྒྲུབ་བྱ་ནི་བླ་མ་རེ་ཟུང་ངམ། ཆོས་བརྒྱུད་ཁ་ཤས་སམ། དགོན་སྡེ་ཆ་རེ་ཙམ་ཞིག་ལ་རོགས་པ་བྱེད་རྒྱུ་དེ་མིན། ང་རང་ཚོའི་དམིགས་ཡུལ་དང་བསྒྲུབ་བྱ་ནི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་དང་འབྲེལ་བ་ཡོད་ཚད་ལ་ཞབས་ཏོག་བསྒྲུབ་རྒྱུ་དེ་ཡིན། ཐེབས་རྩ་ཚོགས་པའི་ནུས་པ་དང་སྟོབས་ཤུགས་ནི་ནུས་པ་དང་དུས་ཚོད་ཡོད་ཚད་རྒྱུན་ཆགས་སུ་གཏོང་མཁན་གྱི་འདིར་བཞུགས་ཀྱི་ཁྱེད་རྣམ་པ་ཚང་མ་ཡིན། དེ་ལྟ་བུའི་ནུས་ཤུགས་དེའང་ཁྱེད་རང་ཚོ་ལ་སངས་རྒྱས་ཀྱི་བསྟན་པ་འདི་མུ་མཐུད་ནས་ངེས་པར་ཅན་དུ་འཚོ་གནས་ཐུབ་པར་བྱེད་དགོས་བསམ་པའི་སེམས་ཁྲལ་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ངེས་རེད། སེམས་ཁྲལ་དེ་ནི་ང་ཚོའི་ཉམས་ལེན་ཡང་རེད།

ཤཱཀྱ་ཐུབ་པའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས་ང་ཚོས་བྱེད་ཐུབ་པའི་བྱ་བཞག་ཡག་ཤོས་དེ་གང་རེད་ཅེ་ན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་བཤད་པ་དང་སྒྲུབ་པའི་སྒོ་ནས་མི་ཉམས་རྒྱུན་འཛིན་བྱེད་ཅིང་གསོན་པོར་འཚོ་གནས་ཐུབ་པར་བྱེད་རྒྱུ་དེ་རེད།_སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ།
སངས་རྒྱས་ཀྱི་བསྟན་པ་འདི་དུས་ཡུན་རིང་པོར་ནུས་ཤུགས་ཆེན་པོས་གནས་རྒྱུ་ནི་གལ་གནད་ཤིན་ཏུ་ཆེན་པོ་ཡིན། གལ་སྲིད་སངས་རྒྱས་ཀྱི་བསྟན་པ་སྟོང་ཤོར་ན་དེ་ནས་བཟུང་གནས་སྐབས་ཀྱི་བདེ་སྐྱིད་དང་མཐའ་ཐུག་ལ་ཕན་པའི་རྣམ་པར་གྲོལ་བའི་འབྱུང་གནས་ཐམས་ཅད་ཀྱང་མཇུག་རྫོགས་པ་རེད། དམ་པའི་ཆོས་ལ་ཐུགས་ཁྲལ་གནང་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས། དམ་པའི་ཆོས་འཚོ་གནས་ཐུབ་ཐབས་ལ་སེམས་ཁྲལ་གནང་བ་འདི་ལས་ལྷག་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིག་ཡོད་རེད་བསམ་གྱི་མི་འདུག
ང་ཚོས་མི་གང་མང་མང་ལ། རོགས་སྐྱོར་ཅི་ཐུབ་ཐུབ། ཡུན་ཇི་སྲིད་དགོས་ཀྱི་བར་དུ་བྱེད་རྒྱུའི་སྐོར་ལ་ཐུགས་བསམ་བཞེས་དགོས། དེ་བཞིན་ང་ཚོས་ཕན་ཐོགས་ཡོད་པའི་ལས་འགུལ་རྟོག་དཔྱོད་དང་ལྡན་པའི་སྒོ་ནས་ཇི་ལྟར་སྤེལ་བའི་སློབ་སྦྱོང་བྱེད་དགོས་ཤིང་། ང་རང་ཚོ་ཚང་མ་དམ་པའི་ཆོས་གོང་འཕེལ་གཏོང་མཁན་ཞིག་ཡིན་པའི་དབང་དུ་བཏང་ནས། དེ་འདྲའི་ཐུགས་བསམ་རྒྱ་གང་ཆེར་གཏོང་དགོས་ཀྱི་འདུག དཔེར་ན་དགོན་པ་གྲྭ་ཚང་དང་། གྲྭ་བཙུན་སྒེར་སོ་སོ་དང་། གྲྭ་བཙུན་གྱི་སྤྱི་ཚོགས་ཙམ་ལ་མཐུན་རྐྱེན་སྦྱོར་བ་དང་རོགས་པ་བྱེད་པ་ཙམ་མ་ཡིན་པར། ཚོང་པ་གཞོན་ནུ་དང་། ཚན་རིག་པ། ཆབ་སྲིད་པ་དེ་ཚོ་ལའང་རོགས་རམ་བྱེད་པའི་ཐུགས་འཆར་གདིང་དགོས་ཀྱི་འདུག ང་ཚོ་ལ་ཁོང་ཚོ་ནམ་ཞིག་དགོས་ངེས་ཆགས་བསྡད་ཡོད་ད་ལྟར་སུས་ཀྱང་བཤད་ཤེས་ཀྱི་མ་རེད།

མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་འཛིན་སྐྱོང་གི་ངེས་སྟོན་པ་ཀན་འཇུ་ལིའི་ལོ་ངོ་བཅོ་ལྔའི་རིང་གི་སྙན་ཐོ།

མཁྱེན་བརྩེ་ཐེབས་རྩ་ཚོགས་པ་བཙུགས་ནས་མི་ལོ་བཅོ་ལྔའི་རིང་དུ་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་དགོངས་བཞེད་རྒྱ་ཆེ་ཞིང་མུ་མེད་པ་དེ་དག་རིམ་གྱིས་ཤེས་རྟོགས་ཐུབ་སོང་། ཀུན་ལ་ཁྱབ་ཅིང་ཡོངས་ལ་ཕན་པའི་དགོངས་བཞེད་ཇི་ལྟར་ཡིན་པ་དེ་ང་རང་ཚོའི་བསམ་མནོ་ཆུང་ཆུང་ནང་ལ་ལས་སླ་བོས་འཁོར་མི་ཐུབ་པ་ཞིག་རེད། རིན་པོ་ཆེའི་ལམ་སྟོན་དང་ཐུགས་རྗེ་བྱིན་རླབས། དེ་བཞིན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱི་མཉམ་འབྲེལ་གྱི་ཕྱག་རོགས་ལ་བརྟེན་ནས་གང་ཞིག་བསྒྲུབ་ཐུབ་སྲིད་པའི་ཚུལ་གུས་མོའི་སེམས་ལ་འཆར་ཐུབ་ཙམ་བྱུང་བ་རེད།
ཐེབས་རྩ་ཚོགས་པ་འདི་སྤྱི་ལོ་ ༢༠༠༡ ལོར་བོད་དང་འབྲུག་དང་རྒྱ་གར་ལ་ཡོད་པའི་དགོན་པ་དང་བཤད་གྲྭ་རྣམས་ཀྱི་དཔལ་འབྱོར་གྱི་འགན་རིན་པོ་ཆེ་ལ་ཡོད་པ་དེ་ཕྲན་བུ་ཡང་དུ་གཏོང་བའི་ཆེད་དུ་རིན་པོ་ཆེའི་སློབ་ཕྲུག་ཁ་ཤས་ཀྱིས་འགོ་བཙུགས་པ་ཞིག་རེད། དེ་རྗེས་མི་རིང་བ་ཞིག་ནས་ཐེབས་རྩ་ཚོགས་པ་གསར་པ་འདི་ནི་རིན་པོ་ཆེའི་སྦྱིན་སློབ་རྣམས་ཀྱི་གཏོང་ཕོད་ཡངས་པའི་ཆུ་བོ་འབབ་སའི་ཆུ་ཡུར་དང་། རིན་པོ་ཆེའི་དགོངས་མདུན་རྣམས་ཇི་ལྟར་ཡིན་པ་ཤེས་རྟོགས་ཐུབ་པའི་རིན་ཐང་ལྡན་པའི་ལམ་ཁ་ཞིག་ཏུ་གསལ་པོར་གྱུར་པ་རེད། དེ་ནས་བཟུང་ཏེ་རྒྱལ་རབས་དང་ལོ་རྒྱུས་ནང་ལ་ཡོད་པའི་བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་ཀྱི་རྗེས་སུ་འབྲངས་ཤིང་སངས་རྒྱས་ཀྱི་བསྟན་པ་འདི་ངེས་པར་དུ་ཡུན་གནས་ཐུབ་པའི་ཆེད་ཞབས་ཞུའི་རོགས་རམ་བྱེད་ཚུལ་གྱི་ཉམས་མྱོང་མང་པོ་ཐོབ་སོང་།
༢༠༠༣ ལོར་དགོན་པ་གྲྭ་ཚང་གི་ཞལ་ལག་གི་ཆེད་དུ་ཨ་སྒོར་ས་ཡ་གཉིས་དང་འབུམ་བརྒྱད་ཙམ་ཡོད་པའི་མཚམས་སུ་ང་ཚོས་སློབ་ཡོན་རོགས་སྐྱོར་ཐེངས་དང་པོ་དེ་ཨོ་སི་ཏྲི་ལི་ཡ་ལ་ལོ་གསུམ་ལ་བཞུགས་མཁན་གྱི་མཚམས་པ་བརྒྱ་ལྷག་ལ་ཕུལ་ཞིང་། ད་ལྟའི་ཆར་འཛམ་གླིང་གང་སར་སློབ་ཡོན་རོགས་རམ་སྤྲོད་པའི་ལས་འགུལ་སྤེལ་བ་དང་། ཆོས་པ་དང་སློབ་ཕྲུག་བརྒྱ་ཚོ་མང་པོ་ལ་དཔལ་འབྱོར་གྱི་རོགས་སྐྱོར་ལས་གཞི་རྣམ་པ་མི་འདྲ་བ་སྣ་ཚོགས་པའི་སྒོ་ནས་བྱེད་ཀྱི་ཡོད། རིན་པོ་ཆེས་གྲགས་ཅན་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་རྣམས་སུ་ནང་ཆོས་སློབ་སྦྱོང་སྤྲོད་སའི་ས་མིག་གམ་རྐུབ་སྟེགས་ཤིག་ཡོད་པར་བྱེད་དགོས་ཞེས་ཕེབས་པའི་སྐབས་སུ། ཐོག་མར་ང་ཚོས་ལས་ཀ་འདི་ནི་འགྲུབ་མི་སྲིད་བ་ཞིག་རེད་བསམ་སོང་། ༢༠༠༦ ལོར་བྱང་སྡེ་ཨ་མི་རི་ཀའི་བྷ་ཁི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་(UC Berkeley) ནང་ལ་ནང་ཆོས་དགེ་རྒན་གྱི་ས་མིག་གམ་རྐུབ་སྟེགས་ཐོབ་པའི་རྗེས་སུ་ད་ནི་ང་ཚོའི་ལས་དོན་དེ་གྲུབ་ཚར་བ་ཡིན་བསམ་སོང་། ཡིན་ནའང་རིན་པོ་ཆེའི་དགོངས་འཆར་ལ་ཆོས་དགེའི་ས་མིག་དེ་ལས་མང་བ་དཔེར་ན། གླིང་ཆེན་རེ་རེའམ། ཡང་ན་རྒྱལ་ཁབ་རེ་རེ་ལ་འཛུགས་འཆར་ཡོད་པ་དེ་ཡི་བར་དུ་ཤེས་ཀྱི་མེད། རིན་པོ་ཆེའི་དགོངས་འཆར་ནང་བཞིན་ང་ཚོ་ད་དུང་སླེབས་ཐུབ་མེད་ཀྱང་། ད་སྔོན་རྒྱལ་ཁབ་བཅོ་བརྒྱད་ཀྱི་གཙུག་ལག་སློབ་ཆེན་ཉི་ཤུ་རྩ་བརྒྱད་ཐམས་པ་དང་མཉམ་འབྲེལ་བྱེད་ཐུབ་ཡོད་ལ། མུ་མཐུད་ནས་ནང་ཆོས་སློབ་གཉེར་བྱེད་པའི་ལས་གཞི་ལ་རོགས་སྐྱོར་བྱེད་སའི་གོ་སྐབས་ཚོལ་མུས་ཡིན།
སྤྱི་ལོ ༢༠༠༥ ལ་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་བཞི་ལས་ཕྱིན་མེད། འོན་ཀྱང་སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་ལམ་རྗིམ་སི་མི་ཐི་ལགས་ཀྱི་ཤུལ་བཞག་རིན་ཐང་བྲལ་བའི་ཕྱག་ལས། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་བོར་བརླག་གི་ཉེན་ཁ་ཅན་ཡོད་དོ་ཅོག་འཕྲུལ་གྱིས་པར་ལོག་བཏབ་ནས་གཅེས་སྲུང་ཉར་ཚགས་བྱེད་པའི་ལྟེ་གནས་ལ། ཨ་སྒོར་ས་ཡ་མང་པོའི་རོགས་དན་བྱེད་རྒྱུའི་ཁས་ལེན་བྱས་པ་ཡིན། དེང་སང་གི་ནང་བསྟན་དཔེ་ཚོགས་འཕྲུལ་པར་ལྟེ་གནས་ཁང་འདི་ (དེ་སྔོན་བོད་བརྒྱུད་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་ཟེར་བ་དེ་རེད།) ཐོག་མར་བོད་བརྒྱུད་ནང་བསྟན་ལ་ཆེད་སྦྱོང་ཞིབ་འཇུག་གི་ཆ་རྐྱེན་སྐྲུན་པའི་ཆེད་དུ་བཙུགས་པ་ཞིག་རེད། དེང་གི་ཆར་ལས་གཞི་འདི་རྒྱ་སྐྱེད་བཏང་ནས། བོར་བརླག་གི་ཉེན་ཁ་ཡོད་པའི་ནང་པའི་གསུང་རབ་སྐད་རིགས་གཞན་རྒྱ་སྐད་དང་། སཾསྐྲིཏ། པ་ལི་དང་། ལྷོ་ཨེ་ཤ་ཡ་དང་། ཤར་ལྷོའི་ཨེ་ཤ་ཡའི་སྐད་རིགས་ནང་ལ་ཡོད་པ་ཐམས་ཅད་ཉར་ཚགས་དང་གཅེས་སྤྲས་བྱ་སའི་ལྟེ་གནས་སུ་གྱུར་ཡོད།
༢༠༠༩ ལོར་སྦིར་ས་གནས་སུ་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ལོ་ཙཱ་བའི་ཚོགས་འདུ་ཞིག་གོ་སྒྲིག་གནང་ཞིང་། བོད་བརྒྱུད་ནང་བསྟན་གྱི་བཀའ་འགྱུར་རམ་སངས་རྒྱས་ཀྱི་གསུང་རབ་ཀུན་དབྱིན་ཇིའི་སྐད་དུ་བསྒྱུར་ཐུབ་མིན་སྐོར་ལ་གྲོས་བསྡུར་བྱེད་སྐབས། ནང་པའི་སྤྱི་ཚོགས་ཀྱི་ནང་ལའང་ལས་གཞི་འདི་ལམ་ལྷོང་ངང་སྒྲུབ་ཨེ་ཐུབ་ན་སྙམ་པའི་བློ་དོགས་ཆེན་པོ་ཡོད་པ་རེད། ཡིན་ནའང་དེང་སྐབས་བརྒྱད་ཁྲི་བཞི་སྟོང་གི་ཚོགས་པ་ནི་རང་རྐང་ཚུགས་པའི་ཚོགས་པ་ཞིག་ཏུ་གྱུར་ཡོད་ཅིང་། སྤྱི་ལོ་ ༢༠༣༥ ལོ་ཚུན་ཆོད་དུ་རྒྱལ་བའི་བཀའ་འགྱུར་ཆ་ཚང་བསྒྱུར་ཐུབ་པའི་ལས་འཆར་དང་བཅས་བསྒྱུར་དང་སྒྱུར་བཞིན་པའི་སྒང་ལ་ཡོད་རེད། དེ་དང་དུས་མཉམ་དུ་མཁྱེན་བརྩེ་ཐེབས་རྩ་ཚོགས་པས། རྒྱ་ནག་སྐད་དུ་མེད་ཅིང་བོད་སྐད་དུ་བཞུགས་པའི་རྒྱལ་བའི་གསུང་རབ་སྡེ་སྣོད་གསུམ་རྒྱ་སྐད་དུ་སྒྱུར་བའི་གོམ་ཁ་ཆེན་པོ་ཞིག་སྤོས་ཡོད། ང་ཚོས་མི་ཚེ་འདིའི་ནང་ལ་རིན་པོ་ཆེའི་དགོངས་བཞེད་ནང་བཞིན་རྒྱལ་བའི་གསུང་རབ་ཨ་རབ་ཀྱི་སྐད་དང་བཅས་སྐད་རིགས་ཡོད་དོ་ཅོག་གི་ནང་དུ་ལྟ་ཀློག་བྱ་རྒྱུ་ཡོད་པ་ཞིག་བཟོ་མི་ཐུབ་ནའང་ཐང་། དམིགས་ཡུལ་དང་ཁ་ཕྱོགས་རིན་པོ་ཆེའི་བཞེད་དོན་ལ་གཏད་ཅིང་ལམ་དུ་སྐྱོད་མུས་ཡིན།
ཡང་བསྐྱར་རིན་པོ་ཆེས་ང་ཚོས་སྒྲུབ་ཐུབ་མི་སྲིད་པ་ལྟར་དུ་སྣང་བའི་ལས་འཆར་གཉིས་མངགས་བཅོལ་གནང་བྱུང་། དེ་དག་ཀྱང་མ་འོངས་པའི་མི་རབས་རྣམས་ཀྱི་ཆེད་དུ་ཐུགས་ཁྲལ་ཆེན་པོ་ཡོད་པའི་བཀའ་མངགས་ཤ་སྟག་རེད། གཅིག་ནི་འབྱུང་འགྱུར་གྱི་ཕྲུ་གུ་རྣམས་ཀྱི་ཆེད་ཤེས་ཡོན་གྱི་སྒྲོམ་གཞི་ཇེ་ལེགས་སུ་བཏང་ནས་མིག་དཔེ་ལྟ་ས་ཞིག་བཟོ་རྒྱུ་དེ་དང་། གཞན་པ་ནི་དུས་རབས་ཉེར་གཅིག་པའི་ནང་ཆོས་ཀྱི་དགེ་རྒན་ཟབ་སྦྱོང་སྤྲོད་པའི་ལས་འགུལ་རྒྱ་བསྐྱེད་གཏོང་རྒྱུ་དེ་རེད། དང་པོར་ལས་འགུལ་འདི་དག་སྒྲུབ་ཐུབ་པ་ཞིག་ཡིན་མིན་གྱི་སྐོར་ལ་བློ་དོགས་ཆེན་པོ་ཡོད་ཀྱང་། རིན་པོ་ཆེས། ཀུན་སློང་ཡང་དག་པ་དང་སྐྱ་སེར་དགེ་འདུན་གྱི་སྡེ་ཡི་རྒྱབ་སྐྱོར་ཡོད་ཕྱིན་ཆོད་ལས་འགུལ་གང་ཞིག་སྤེལ་ནའང་འགྲུབ་སྲིད་ཀྱི་རེད་ཅེས་ལམ་སྟོན་གནང་བྱུང་།

ལོ་ངོ་བཅོ་ལྔ་རིང་གི་ལོ་རེའི་ལས་སྡོམ།


སྤྱི་ལོ་༢༠༠༡

ལོར་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་འདི་བྱང་སྡེ་མཉམ་འབྲེལ་རྒྱལ་ཁབ་ཨ་མི་རི་ཀ་རུ་ཁེ་གཉེར་མིན་པའི་ཐེབས་རྩ་ཚོགས་པ་ཞིག་གི་དེབ་སྐྱེལ་ཚད་ལྡན་བྱས་ཤིང་གསར་དུ་བཙུགས།

སྤྱི་ལོ་ ༢༠༠༢

ལོར་རྒྱ་བོད་འབྲུག་གསུམ་ལ་ཡོད་པའི་དགོན་པ་གྲྭ་ཚང་དང་། བཤད་གྲྭ་རྣམས་ལ་ད་ལྟར་རོགས་སྐྱོར་བྱེད་བཞིན་པའི་རོགས་དངུལ་མ་རྩ་བརྟན་པོར་བཙུགས།

སྤྱི་ལོ་ ༢༠༠༣

ལོར་ཐེངས་དང་པོའི་སློབ་ཡོན་དེ་ཨོ་སི་ཏྲི་ལི་ཡ་ལ་ལོ་གསུམ་ལ་བཞུགས་པའི་མཚམས་པ་རྣམས་ལ་ཕུལ་ཞིང་། དེ་ནས་འཛམ་གླིང་གང་སར་སློབ་ཡོན་རོགས་དངུལ་སྤྲོད་པའི་ལས་འགུལ་དེ་འགོ་བརྩམས། སྦྱིན་བདག་རྣམས་ཀྱིས་ཟླ་རེ་བཞིན་ཞབས་འདེབས་འབུལ་ས་ཞིག་བཙུགས་ཤིང་། འདི་ནི་རིན་པོ་ཆེའི་མཛད་ཕྲིན་རྣམས་ལ་མི་མང་གིས་འབྲེལ་ལམ་སྟར་ཆགས་སུ་འཇོག་ས་ཡག་ཤོས་ཤིག་ཏུ་གྱུར་ཡོད།

སྤྱི་ལོ་ ༢༠༠༤

ལོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཅོན་ཏ་ར་ལ་སྤོས་ཤིང་སྒོ་འབྱེད་མཛད་སྒོ་བྱས་ནས་བཟུང་། ཐོག་མའི་དམིགས་ཡུལ་ལྟར་དགོན་སྡེ་གྲྭ་ཚང་ལ་དཔལ་འབྱོར་རོགས་དངུལ་སྤྲོད་རྒྱུ་དེ་དངོས་སུ་ལག་ལེན་དུ་བསྟར་བ་རེད།

Rainbow_timeline

སྤྱི་ལོ་ ༢༠༠༥

ལོར་འཇམ་དབྱངས་རྣམ་རྒྱལ་ལམ་ཇིན་སི་མི་ཐི་(Gene Smith) ལགས་ཀྱི་ཤུལ་བཞག་བོད་བརྒྱུད་ནང་བསྟན་གསུང་རབ་དཔེ་ཚོགས་ལྟེ་གནས་ཁང་གི་ལས་གཞི་བོད་སྐད་དུ་བཞུགས་པའི་གསུང་རབ་གང་ཡོད་འཕྲུལ་པར་བཏབ་ནས་ཉར་ཚགས་བྱེད་པའི་ལས་འགུལ་དེ་རྒྱ་སྐྱེད་བཏང་ནས། ལེགས་སྦྱར་དང་པྰ་ལི། རྒྱ་ཡིག་ལ་སོགས་པ་སྐད་རིགས་གཞན་གྱི་ཐོག་ལ་བཞུགས་པའི་སངས་རྒྱས་ཀྱི་གསུང་རབ་དཔེ་རྙིང་གང་ཡོད་ཐམས་ཅད་ཀྱང་འཕྲུལ་པར་བཏབ་ནས་ཉར་ཚགས་དོ་དམ་བྱེད་པའི་ལས་འགུལ་དེ་ལ་ཨ་སྒོར་ས་ཡ་མང་པོའི་རོགས་སྐྱོར་བྱེད་པའི་ཁས་ལེན་བྱས་པ་དང་། དེ་བཞིན་དུ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ཆེད་དུ་འཐུས་སྒོ་ཚང་བའི་སྨན་ཁང་ཞིག་སྒོ་ཕྱེས་ཞིང་། ཉེ་འཁོར་རྒྱ་གར་གྲོང་གསེབ་རྣམས་དང་དགོན་པ་གྲྭ་ཚང་རྣམས་ལ་ལོ་ལྟར་རིན་མེད་སྨན་སྦྱིན་ཐེངས་རེ་བྱེད་ཀྱི་ཡོད་པ་འདིའང་འགོ་བཙུགས་པ་རེད།

སྤྱི་ལོ་ ༢༠༠༦

ལོར་ཀེམ་བྷོ་ཌི་ཡའི་བཙུན་པ་རྣམས་ཤྲྰིལངྐ་ལ་སློབ་སྦྱོང་མུ་མཐུད་ནས་བྱེད་པའི་སློབ་ཡོན་སྤྲད་ཅིང་གནས་བརྟན་སྡེ་པའི་དགེ་འདུན་གྱི་སྤྱི་ཚོགས་ལ་རོགས་སྐྱོར་བྱེད་པའི་ལས་འགུལ་གྱི་འགོ་བཙུགས་པ་རེད།

སྤྱི་ལོ་ ༢༠༠༧

 ལོར་རིན་པོ་ཆེའི་ཐུགས་མདུན་ལྟར། བོད་རིགས་ཙམ་དང་གྲྭ་བཙུན་ཙམ་ལ་རོགས་རམ་བྱེད་པ་ལས་བརྒལ་ཞིང་
འཛམ་གླིང་ཁྱོན་ཡོངས་ནས་སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་བྱེད་མཁན་རྣམས་ལ་སློབ་ཡོན་འབུལ་རྒྱུའི་ལས་གཞི་དེ་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་ལས་འགུལ་གྱི་གཙོ་བོར་གྱུར་པ་རེད།

སྤྱི་ལོ་ ༢༠༠༨

ལོར་གཙུག་ལག་དགེ་རྒན་ཆེན་མོ་རྗིཀོབ་ཌལ་ཏྲོན་ལགས་ (Jacob Dalton) བྷ་ཁི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོ་ (UC Berkeley) ལ་ནང་ཆོས་སྡེ་ཚན་གྱི་མཁྱེན་བརྩེའི་རྐུབ་སྟེགས་ཞེས་པའི་དགེ་རྒན་ས་མིག་འཛིན་མཁན་དུ་གྱུར་ཞིང་དེ་ནས་བཟུང་ཏེ་འཛམ་གླིང་གང་ས་ན་གཙུག་ལག་སློབ་གཉེར་དར་རྒྱས་གཏོང་འཆར་གྱི་ལས་འགུལ་མང་པོ་ཞིག་གི་འགོ་བརྩམས་པ་རེད།

Rainbow_timeline

སྤྱི་ལོ་ ༢༠༠༩

ལོར་ལོ་རྒྱུས་རང་བཞིན་ཅན་གྱི་རྒྱལ་སྤྱིའི་ལོ་ཙཱ་བའི་ཚོགས་འདུ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་སྦིར་དུ་བསྐོངས་ཤིང་། རྒྱལ་བའི་གསུང་རབ་སྒྱུར་བའི་བརྒྱད་ཁྲི་བཞི་སྟོང་ ༨༤༠༠༠ ཞེས་པའི་ཚོགས་པ་འདི་གསར་དུ་བཙུགས། ༢༠༡༤ ལོར་སྒྲ་སྒྱུར་ཚོགས་པ་འདི་རང་རྐྱ་ཐུབ་པའི་ཚོགས་པ་ཚད་ལྡན་ཞིག་ཏུ་གྱུར་ཡོད། གསུང་སྒྱུར་ལས་འགུལ་ཚོགས་པ་འདི་རང་རྐྱ་ཐུབ་པའི་ཚོགས་པ་ཞིག་ཆགས་མ་ཐུབ་ཀྱི་བར་ལོ་ལྔའི་རིང་དུ་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་དཔལ་འབྱོར་རོགས་རམ་དང་ལྟ་སྐྱོང་འོག་གནས་པ་རེད།

སྤྱི་ལོ་ ༢༠༡༠

ལོར་ནང་ཆོས་སློབ་གཉེར་ཕུལ་དུ་བྱུང་བའི་སློབ་མ་བཞི་ལ་མཁྱེན་བརྩེ་ཐེབས་རྩའི་ཤེས་ཡོན་རྩེ་ཕུད་ཀྱི་བྱ་དགའ་ཐེངས་དང་པོ་དེ་སྤྲད་པ་ནས་བཟུང་ད་བར་ལོ་ལྟར་བྱ་དགའ་དེ་སྤྲད་ནས་ལོ་ངོ་བརྒྱད་ཕྱིན་སོང་། ལས་འགུལ་འདི་རིམ་གྱིས་རྒྱ་ཆེ་རུ་བཏང་ནས་ད་ལྟའི་ཆར་གཙུག་ལག་སློབ་ཆེན་བཅུ་གསུམ་གྱི་ནང་ན་ནང་ཆོས་སློབ་གཉེར་ཕུལ་བྱུང་ལ་བྱ་དགའ་དེ་འབུལ་གྱི་ཡོད།
ནང་ཆོས་དང་འབྲེལ་བའི་ཤེས་ཡོན་གྱི་ལས་གཞི་རྣམས་ཀྱི་ནང་ལ་དབྱིན་ཇིའི་སྐད་ཡིག་སློབ་པའི་ལས་གཞི་བསྣན་པའི་རྨང་གཞིའི་ཆེད་དུ། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ལ་དབྱིན་ཡིག་དངོས་གཞིའི་འཛིན་གྲྭ་དངོས་སུ་བཙུགས་པ་ཡིན།

སྤྱི་ལོ་ ༢༠༡༡

ལོར་འཇའ་མ་ནི་ཧམ་བྷག་གཙུག་ལག་སློབ་གྲྭ་ཆེན་མོ་( Hamburg University) ལ་མཁྱེན་བརྩེ་བོད་བརྒྱུད་གསུང་རབ་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་ནས་ད་ལྟའི་བར་དུ་ལོ་དྲུག་ཕྱིན་ཡོད། མཁན་པོ་འཇམ་དབྱངས་བློ་གསལ་མཆོག་ལ་སྦྱིན་བདག་བྱས་ཤིང་རྗོར་རྗི་ཝ་ཤིན་ཏྲོན་གཙུག་ལག་སློབ་གྲྭ་ཆེན་མོ་(George Washington University ) ལ་མཁས་དབང་གཟིགས་སྐོར་གྱི་མཚན་ཐོག་ནས་ཐེངས་དང་པོ་བཏང་ནས་བཟུང་མཁྱེན་བརྩེ་ཐེབས་རྩས་མཁས་པ་མང་པོ་ཞིག་གཙུག་ལག་སློབ་གྲྭ་རྣམས་སུ་གཟིགས་སྐོར་དུ་བཏང་བ་ཡིན།

སྤྱི་ལོ་ ༢༠༡༢

ལོར་ཧོང་ཀོང་(HongKong) ལ་ཚོགས་འདུ་ཞིག་འཚོགས་ཤིང་རྒྱ་ནག་དང་བོད་ཀྱི་སྐད་དུ་ཡོད་པའི་སྡེ་སྣོད་རྣམས་ཕན་ཚུན་བསྒྱུར་བའི་ལས་འགུལ་གལ་ཆེན་པོ་འདིའི་ལམ་སྲོལ་གཏོད་པ་དང་། སྤྱི་ལོ་ ༢༠༡༢ ལོར་འགོ་བཙུགས་པའི་རྒྱ་གར་གྱི་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ལ་ ༢༠༡༦ ལོར་ཕྱི་རྒྱལ་རོགས་དངུལ་ལེན་ཆོག་པའི་མཐོང་ཆེན་(FCRA) དངོས་སུ་ཐོབ་ཅིང་། ད་ཆ་རྒྱ་གར་གྱི་ཐེབས་རྩ་ཚོགས་པ་དང་མཉམ་སྡེབ་ཀྱིས་རྒྱ་གར་རྒྱལ་ཡོངས་ལ་ལས་འགུལ་རྒྱ་སྐྱེད་གཏོང་བཞིན་པ་ཡིན།

Rainbow_timeline

སྤྱིར་ལོ་ ༢༠༡༣

ལ་ནང་ཆོས་དང་འབྲེལ་བའི་འབུམ་རམས་པའི་ཞིབ་འཇུག་རྩོམ་ཤོག་ཡག་ཤོས་དང་། ཁྱད་དུ་འཕགས་པའི་ལོ་ཙཱ་བ་རྣམས་ཀྱིས་ནང་ཆོས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་མཁན་ཡོངས་ལ་ཞབས་འདེགས་གལ་ཆེན་ཞུས་ཡོད་པའི་ཆེ་མཐོང་མཚོན་ཕྱིར་དུ། མཁྱེན་བརྩེའི་གཙུག་ལག་སློབ་ཡོན་གྱི་བྱ་དགའ་སྤྲོད་པའི་ལམ་སྲོལ་འདི་གཏོད་པ་ཡིན།
ཤེས་ཡོན་གྱི་ལྟེ་གནས་ཁག་དང་མཉམ་འབྲེལ་གྱིས་ད་ལྟའི་ལོ་ཙཱ་བ་རྣམས་ལ་ཟབ་སྦྱོང་སྤྲོད་པའི་ལས་འགུལ་སྤེལ་བ་དང་། སྒྲ་སྒྱུར་བ་མི་རབས་རྗེས་མ་རྣམས་ལ་རོགས་སྐྱོར་གྱི་ཆེད་སློབ་ཡོན་འབུལ་རྒྱུའི་འགོ་བཙུགས་པ་རེད།

སྤྱི་ལོ་ ༢༠༡༤

ལོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཅོན་ཏ་ར་ལ་སྤོས་ནས་ལོ་བཅུ་འཁོར་བའི་དུས་དྲན་དང་། མཁྱེན་བརྩེ་ཐེབས་རྩ་ཚོགས་པས་དཔལ་འབྱོར་རོགས་རམ་བྱས་ནས་ལོ་བཅུ་འཁོར་བའི་དུས་སྟོན་ཅོན་ཏཱ་ར་ལ་ཚོགས་པ་དང་། བལ་ཡུལ་ཞེ་ཆེན་དགོན་པར་ཆོས་བརྒྱུད་དང་དགོན་པ་གྲྭ་ཚང་མང་པོ་ཞིག་ནས་ཕེབས་པའི་མཁན་པོ་དང་སྤྲུལ་སྐུ་ཉི་ཤུ་ཙམ་ལ་དུས་རབས་ཉེར་གཅིག་པའི་དབུ་ཁྲིད་ཟབ་སྦྱོང་ཐོག་མ་དེ་གོ་སྒྲིག་ཞུས་པ་ཡིན།
ཐེ་ཝན་གྱི་བཤད་གྲྭ་ཆོས་ཀྱི་རྔ་སྒྲ་ (Dharma Drum Institute ) དང་མཉམ་འབྲེལ་གྱི་སྒོ་ནས་བོད་སྐད་དུ་ཡོད་པའི་གསུང་རབ་རྒྱ་ནག་སྐད་དུ་སྒྱུར་བའི་ལོ་ཙཱ་བའི་ཆེད་སྦྱོང་གོ་སྐབས་འབུལ་རྒྱུའི་གན་རྒྱར་མཚན་རྟགས་བཀོད་པ་རེད།

སྤྱིར་ལོ་ ༢༠༡༥

ལོར་དམ་པའི་ཆོས་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་ལ་རྒྱབ་སྐྱོར་རོགས་རམ་དང་འབྲེལ་ལམ་བཟོ་བའི་ཆེད་དུ་ཨ་ཤོ་ཀའི་སློབ་ཡོན་རོགས་དངུལ་ལྷན་ཚོགས་གསར་དུ་བཙུགས་པ་དང་། བལ་ཡུལ་དང་བྷང་ལ་དྷེ་ཤི་ནང་དུ་སངས་རྒྱས་པའི་ལམ་སྲོལ་བསྐྱར་གསོའི་སླད་དུ་ཤེས་ཡོན་གྱི་ལས་འགུལ་སྤེལ་བའི་སྦྱིན་བདག་བྱས་པ་དང་། མཁན་པོ་རྣམས་དུས་རབས་ཉེར་གཅིག་པའི་ནང་ཆོས་དགེ་རྒན་ཞིག་བཟོ་བའི་ཕུགས་མདུན་བཅངས་ཏེ་དགེ་རྒན་ཟབ་སྦྱོང་ཐེངས་དང་པོ་གོ་སྒྲིག་ཞུས།

སྤྱི་ལོ་ ༢༠༡༦

ལོར་བྱིས་པ་རྣམས་ལ་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་སློབ་ཚན་གྱི་སྒྲོམ་གཞི་གསར་པ་མིག་དཔེར་འོས་པ་ཞིག་བཟོ་བའི་ཞིབ་འཇུག་དང་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་བའི་ཕྱིར་དུ་བྱིས་པའི་ཆོས་སྒར་ཞིག་ཚོད་ལྟའི་ཚུལ་དུ་གོ་སྒྲིག་བྱས་པ་དང་།
ཨོ་སི་ཏྲི་ལི་ཡའི་སིང་ནི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོས་གཙུག་ལག་སློབ་ཆེན་བདུན་ལ་ནང་པའི་གཙུག་ལག་གི་དགེ་རྒན་ཆེན་མོ་རེ་རེའི་འགྲོ་གྲོན་ཆ་ཚང་སྤྲོད་ཀྱི་ཡོད། ལོ་འདིར་སྦྱིན་བདག་མིང་བརྗོད་འདོད་མེད་པ་ཞིག་གིས་ཐེབས་རྩ་ལ་རོགས་དངུལ་ཕོན་ཆེན་གནང་བར་བརྟེན་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་དཔལ་འབྱོར་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད།