འབྱུང་ཁུངས་གཅེས་སྐྱོང་དང་། མ་འོངས་པའི་ཆེད་དུ་སྦྱོང་བརྡར་སྤྲོད་པ།


དགོན་པ་གྲྭ་ཚང་།

སྲོལ་རྒྱུན་གྱི་དགོན་སྡེ་གྲྭ་ཚང་གི་གྲྭ་བཙུན་རྣམ་པའི་སྐུ་གཟུགས་འཕྲོད་བསྟེན་དང་། ལུས་སེམས་བདེ་ཐང་། འཚོ་བའི་མཐུན་རྐྱེན། སློབ་སྦྱོང་བཅས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་།  ལེགས་བཅོས་བྱེད་པ་ལ་རོགས་སྐྱོར་བྱེད་ཀྱི་ཡོད།

ཁྱིམ་པའི་རྟེན་ཅན་གྱི་ཆོས་པ།

ཁྱིམ་པའི་རྟེན་ཅན་གྱི་སློབ་གཉེར་བ་དང་། ཉམས་ལེན་པ། མཚམས་པ། བྱིས་པ་རྣམས་ཀྱི་ཤེས་ཡོན་གྱི་ཆེད་དང་། གཞན་ཡང་ནང་ཆོས་དང་འབྲེལ་བའི་ལས་གཞི་གསར་གཏོད་བྱེད་མཁན་ཕྱོགས་དང་རིས་སུ་མ་ཆད་པ་ལ་དཔལ་འབྱོར་གྱི་མཐུན་རྐྱེན་འབུལ་གྱི་ཡོད།

སློབ་གཉེར་ཁང་།

གཙུག་ལག་སློབ་ཆེན་རྣམས་དང་མཉམ་འབྲེལ་གྱིས་ནང་ཆོས་སློབ་སྦྱོང་གི་ཆུ་ཚད་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད།

གཞུང་དཔེ་ཆ།

གསུང་རབ་མ་དཔེ་རྣམས་གཅེས་སྤྲས་དོ་དམ་བྱེད་པ་དང་། སྐད་རིགས་མང་པོའི་ནང་དུ་སྒྱུར་བའི་ལས་འགུལ་སྤེལ་བ། སློབ་ཡོན་སྦྱོར་སྤྲོད། ཕུལ་བྱུང་ལ་གཟེངས་བསྟོད་བྱ་དགའ་སྤྲོད་པ་བཅས་བྱེད་ཀྱི་ཡོད།

མཁྱེན་བརྩེ་ཐེབས་རྩ་ཚོགས་པས་སངས་རྒྱས་ཀྱི་བསྟན་པ་བཤད་པ་དང་སྒྲུབ་པའི་སྒོ་ནས་དར་ཞིང་རྒྱས་པའི་མཐུན་རྐྱེན་སྐྲུན་གྱི་ཡོད། དེ་ཡང་རོགས་དངུལ་དང་སློབ་ཡོན་རྣམས་ཐེབས་རྩ་ལ་སྙན་ཞུ་ཕུལ་འབྱོར་བྱུང་བ་གཞིར་བཞག་ལས་གཞི་གསར་བ་འགོ་འཛུགས་པ་དང་། མཉམ་འབྲེལ་གྱི་སྒོ་ནས་ལས་ཀ་བྱེད་རོགས་རྣམས་ལ་སྤྲོད་ཀྱི་ཡོད། ངེད་ཚོས་རོགས་རམ་དེ་རིས་སུ་མ་ཆད་པར་རྒྱལ་སྤྱིའི་རང་བཞིན་ཅན་དང་།འཛམ་གླིང་ཁྱོན་ཡོངས་ནས་མི་སྒེར་དང་སྤྱི་ཚོགས་གཉིས་ཆར་ལ་བྱེད་ཀྱི་ཡོད།

འོ་ན་རོགས་རམ་ཐོབ་པའི་ཆ་རྐྱེན་གང་དང་གང་ཚང་དགོས་སྙམས་ན། ཆ་རྐྱེན་ཚང་རྒྱུ་ནི་སྟབས་བདེ་ཞིག་ཡིན། དེའང་སངས་རྒྱས་ཀྱི་ཐབས་དང་། ཤེས་རབ་ལ་སློབ་གཉེར་དང་། སྒོམ་སྒྲུབ་བྱེད་པའི་མི་སྒེར་དང་། སྒྲིག་འཛུགས་ཅན་གྱི་སྤྱི་ཚོགས་གཉིས་ཀ་ལ་རོགས་སྐྱོར་བྱེད་ཀྱི་ཡོད། དེ་བཞིན་བཙུན་མ་ལོ་ཙཱ་(སྒྲ་སྒྱུར་)སྦྱོང་འདོད་ཡོད་མཁན་དང་། ཕྲུ་གུའི་ཤེས་ཡོན་གྱི་སླད་དུ་ཆེད་སྦྱོང་སློབ་གཉེར་བྱེད་མཁན། མ་ཚད་གནས་བརྟན་སྡེ་པའི་རབ་བྱུང་ཡིན་ཞིང་སློབ་སྦྱོང་བྱེད་འདོད་ཡོད་རིགས། རྒྱ་ནག་ནང་ཁུལ་ནས་སྒྱུ་རྩལ་བ་ནང་ཆོས་དང་འབྲེལ་བའི་སྒྱུ་རྩལ་ཉམས་པ་སླར་གསོའི་སྐོར་ལ་སྦྱོང་འདོད་ཡོད་མཁན་བཅས་ལ། སངས་རྒྱས་ཀྱི་བསྟན་པ་འདི་རྣམ་པ་མི་འདྲ་བ་མང་པོའི་སྒོ་ནས་གནས་སྐབས་དང་མཐར་ཐུག་ཀུན་ཏུ་དར་རྒྱས་གཏོང་བའི་རེ་འདུན་གཙང་མ་འཆང་ནས་སློབ་ཡོན་དང་རོགས་དངུལ་སྤྲོད་ཀྱི་ཡོད།

མཁྱེན་བརྩེ་ཐེབས་རྩ་ནི་དཔལ་འབྱོར་གྱིས་རོགས་རམ་སྤྲོད་ཆེད་དུ་མ་དངུལ་བསྡུ་རུབ་བྱེད་པའི་ཚོགས་པ་ཞིག་ཡིན། འོན་ཀྱང་སྐབས་མཚམས་ལས་འགུལ་གསར་འཛུགས་དང་འཛིན་སྐྱོང་ལམ་སྟོན་བྱས་པའང་ཡོད།  དཔེར་ན་བཀའ་བསྟན་དུས་རབས་ཀྱི་སྐད་དུ་བསྒྱུར་བའི་ལས་འགུལ་བརྒྱད་ཁྲི་བཞི་སྟོང་ལྟ་བུའོ།། དཔལ་འབྱོར་གྱིས་རོགས་རམ་རྒྱ་ཆེ་རུ་གཏོང་ཆེད་དུ། སྐབས་རེ་ཐེབས་རྩའི་རུ་ཁག་གིས། རོགས་རམ་བྱ་སའི་སྤྱི་ཚོགས་རྣམས་ལ་འཛིན་སྐྱོང་དང་སྒྲིག་འཛུགས་ཇེ་ལེགས་གཏོང་ཕྱོགས་ཀྱི་སློབ་སྟོན་ཐོབ་པའི་གོ་སྐབས་སྐྲུན་གྱི་ཡོད། ངེད་ཚོས་ལས་ཀ་གང་དང་གང་ཞིག་ཅི་དང་ཅི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ཤེས་རྟོགས་ཆེད་དུ། ང་ཚོའི་ཡིག་ཚག་ཁང་ལ་གཟིགས་ཞིབ་མཛད་རྒྱུ་དང་། ང་ཚོ་ལ་འབྲེལ་བ་གནང་ནས་དགོངས་འཆར་གང་ཡོད་ལྷུག་པོར་གནང་རོགས་ཞུ་རྒྱུ་ཡིན། ང་ཚོས་རྟག་པར་དམ་པའི་ཆོས་དང་འབྲེལ་བའི་ལས་འགུལ་རྣམས་ལ་རོགས་འདེགས་བྱེད་པའི་གོ་སྐབས་ཚོལ་གྱི་ཡོད།